Kuensel Dzongkha/རྒྱལ་ཡོངས་ཉིན་བསྟར་གསར་ཤོག།- ཀུན་གསལ།

  • Home
  • Bhutan
  • Thimphu
  • Kuensel Dzongkha/རྒྱལ་ཡོངས་ཉིན་བསྟར་གསར་ཤོག།- ཀུན་གསལ།

Kuensel Dzongkha/རྒྱལ་ཡོངས་ཉིན་བསྟར་གསར་ཤོག།- ཀུན་གསལ། ཀུན་གསལ།

Kuensel is a dzongkha daily national newspaper of Bhutan.
(16)

རྫོང་ཁ་ཀུན་གསལ་འདི་ གཞུང་གི་ཟླ་རིམ་གནས་དེབ་སྦེ་ སྤྱི་ལོ་༡༩༦༥ ལུ་ འགོ་བཙགས་ཏེ་ ལོ་ངོ་༢༡ གི་རྒྱབ་ལས་ སྤྱི་ལོ་༡༩༨༦ ལུ་ རྒྱལ་ཡོངས་ཉིན་བསྟར་གསར་ཤོག་སྦེ་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༠ ལས་ ཉིན་བསྟར་གསར་ཤོག་སྦེ་ འགོ་བཙུགས་ཅི།

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀྲིས་ཆོས་རྫོང་གི་ ཀུན་ར་ནང་ ཁས་བླངས་དམ་བཅའ་ཞུ་བའི་ཤུལ་ལས་ ཞི་གཡོག་ནང་ འཛུལ་ཞུ...
05/01/2024

༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀྲིས་ཆོས་རྫོང་གི་ ཀུན་ར་ནང་ ཁས་བླངས་དམ་བཅའ་ཞུ་བའི་ཤུལ་ལས་ ཞི་གཡོག་ནང་ འཛུལ་ཞུགས་འབད་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ ཞི་གཡོག་གི་ ངོ་ཚབ་ལས་ཁུངས་ཁག་ཚུ་ནང་ འཛུལ་ཞུགས་འབད་ནི་ལུ་ གྲ་སྒྲིག་སོང་མི་ ན་གཞོན་ཕོ་སྐྱེས་དང་ ཨམ་སྲུ་བསྡོམས་༦༥༢ ལུ་ ང་བཅས་རའི་ རྒྱལ་ཡོངས་ཀྱི་དམིགས་ཡུལ་དང་ ཁོང་ཆ་ཁྱབ་ མདུན་སྐྱོད་འབད་ནི་གི་ ཐབས་ལམ་ཚུ་གི་སྐོར་ལས་ གསུང་བཤད་གནང་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ ཡར་རྒྱས་གོང་འཕེལ་དོན་ལུ་ རྩ་འགེངས་ཏེ་ བརྩོན་ཤུགས་བསྐྱེད་ཞིནམ་ལས་ ཕན་འདེབས་འབད་དགོ་ཟེར་ གསུངས་ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ལུ་ མཇལ་ཕྲད་གནང་བའི་ཤུལ་ལས་ དགེ་ལེགས་ཕུག་ལུ་ ཆིབས་སྐྱོད་གནང་ཡོདཔ་ཨིན་པའི་གནས་ཚུལ།

04/01/2024
སྤྱི་ཟླ་༡ པའི་ཚེས་༢ ལུ་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ ཉི་ལོག་གི་སྐབས་ གླིང་ཀ་ན་ཕོ་བྲང་ནང་སྦེ་ ལོ་ལེགས་བགྱང་བཅུག་ནིའི་...
04/01/2024

སྤྱི་ཟླ་༡ པའི་ཚེས་༢ ལུ་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ ཉི་ལོག་གི་སྐབས་ གླིང་ཀ་ན་ཕོ་བྲང་ནང་སྦེ་ ལོ་ལེགས་བགྱང་བཅུག་ནིའི་དོན་ལས་ ཐིམ་ཕུག་གི་ ཨ་ལོ་སྡེ་ཚན་ཅིག་ལུ་ བསུ་བ་གནང་ཡོདཔ་ཨིན་པས།
ཉི་ལོག་དེ་ འབྲུག་གི་ནུབ་ཕྱོགས་ཁ་ཐུག་ལུ་ ལོ་གསརཔ་ཚེས་པའི་ བརྩི་སྲུང་འབད་མི་ལུ་བརྟེན་ ངལ་གསོ་བཞག་དོ་ཡོདཔ་བཞིན་དུ་ ཉིནམ་རིང་སུ་འགྱོ་བའི་ བརྡ་མཚོན་ཅིག་ཨིན་པས།
ངལ་གསོའི་སྐབས་ ཨ་ལོ་ཚུ་གིས་ ལོ་ལེགས་ཀྱི་ སྨོན་ཚིག་ཚུ་སླབ་སྟེ་ ཁྱིམ་ལས་ཁྱིམ་བརྒྱུད་དེ་ ལོ་ལེགས་བགྱང་པར་འགྱོཝ་ད་ ཆུམ་དང་ཤ་མར་ལ་སོགས་པ་ཚུ་ བྱིན་དོ་ཡོདཔ་ལས་ མཛར་ཅུམ་འབད་བཟའཝ་ཨིན་པས།
སྔར་སྲོལ་ལམ་ལུགས་དེ་ སྤྱི་ལོ་༢༠༠༠ཕྱིས་ཁམས་ཅིག་ལས་ ཏཱ་ར་ཡ་ན་གཞི་ཚོགས་དང་ སྲོལ་ཁྱུན་འགྲེམ་སྟོན་ཁང་གིས་ མཉམ་འབྲེལ་ཐོག་ལས་ བསྐྱར་གསོ་འབདཝ་ལས་ཚུར་ ལོ་བསྟར་བཞིན་དུ་ གླིང་ཀ་ན་ཕོ་བྲང་ནང་ ལོ་ལེགས་བགྱང་ནི་དེ་ ཨ་ལོ་ཚུ་གི་དོན་ལས་ ལམ་སྲོལ་ཅིག་ལུ་ འགྱུར་ཡོད་པའི་གནས་ཚུལ།

དན་ཆི་ཁྲོམ་ ཡར་དྲག་གཏང་ནིའི་དོན་ལུ་ གཙོ་རིམ་བཟུང་ཡོདཔ།༉ པདྨ་དགའ་ཚལ་ ན་ནོང་-ཤུ་མར་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པ་...
01/01/2024

དན་ཆི་ཁྲོམ་ ཡར་དྲག་གཏང་ནིའི་དོན་ལུ་ གཙོ་རིམ་བཟུང་ཡོདཔ།

༉ པདྨ་དགའ་ཚལ་ ན་ནོང་-ཤུ་མར་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པ་དང་ བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་འདེམས་ངོ་༢ ཀྱིས་ དུས་ཅི་ རྫོང་གསརཔ་ནང་ རྫོང་ཁག་བདག་སྐྱོང་ཡིག་ཚང་དང་ ལས་སྡེ་ཁག་ རབ་སྡེ་ ཁྲིམས་སྲུང་འགག་སྡེ་ དེ་ལས་ ལུང་ཕྱོགས་ཁག་གི་ཡིག་ཚང་ཚུ་ཡང་ སྤོ་བཤུད་འབད་ཡོདཔ་ལས་ དན་ཆི་ཁྲོམ་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་ཡོདཔ་ཨིན་པས།
ན་ནོང་-ཤུ་མར་འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ སྐྱེས་ལོ་༤༣ ལང་མི་ པདྨ་དབང་ཕྱུག་གིས་ ཨཱསི་ཊེ་ལི་ཡ་ ཀེན་བི་ར་གཙུག་ལག་སློབ་སྡེ་ལས་ ཁྲིམས་དོན་གཙུག་ལག་གི་ ཤེས་ཡོན་སྦྱངས་ཡོདཔ་ད་ ཞི་གཡོག་དང་ སྒེར་སྡེའི་ནང་ ལོ་ངོ་༢༠ གི་རིང་ ཕྱག་ཞུ་ཡོདཔ་ཨིན་པས།
ན་ནོང་རྒེད་འོག་ལས་ འདེམས་ངོ་པདྨ་དབང་ཕྱུག་གིས་ པདྨ་དགའ་ཚལ་རྫོང་ཁག་ནང་ སྒེར་སྡེ་ཅིག་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ད་ ཁོ་གིས་ སྤྱི་ལོ་༢༠༡༣ ལུ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་དང་གཅིག་ཁར་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་སྦེ་ དོ་འགྲན་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༢༨ ལུ་ཡང་ ཚོགས་པའི་ཧོངས་ལས་ དོ་འགྲན་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༢༨ ལུ་ པདྨ་དགའ་ཚལ་ ནང་བསྐོར་འབྲིང་རིམ་སློབ་གྲྭ་གོང་མའི་ སྤྱི་དོན་ཁང་ནང་སྦེ་ འདེམས་ངོ་༢ ཀྱི་བར་ན་ མི་མང་རྩོད་བསྡུར་འགོ་འདྲེན་འཐབ་ཅི།
དེ་བསྒང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ གལ་སྲིད་ སྤྱི་ཚོགས་༤ པའི་རྒྱལ་ཡོངས་ཚོགས་འདུ་དེ་ མི་སེར་དམངས་གཙོ་ཚོགས་པ་གིས་ གཞུང་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ ད་རེས་རྒྱལ་ཁབ་ཀྱི་དཔལ་འབྱོར་མར་ཉམས་ཡོད་མི་དེ་ ལྷན་ཐབས་མ་དངུལ་ཐེར་འབུམ་༡༥ འི་ཐོག་ལས་ གནད་དོན་དང་པ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་ཧོང་ནི་ཨིན་ཟེར་ ན་ནོང་-ཤུ་མར་འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ པདྨ་དབང་ཕྱུག་གིས་ ཁས་བླངས་འབད་ཡི།
འདེམས་ངོ་གིས་ སླབ་མིའི་ནང་ དམིགས་བསལ་དུ་ པདྨ་དགའ་ཚལ་གྱི་ དན་ཆི་ཁྲོམ་དེ་ཡང་ རྒྱལ་ཁབ་ནང་ དཔེ་སྟོན་བཏུབ་པའི་ཁྲོམ་ཅིག་བཟོ་ནི་གི་ གཙོ་རིམ་བཟུང་ནི་དང་ ད་ལྟོ་ཚུན་ པདྨ་དགའ་ཚལ་རྫོང་ཁག་ནང་ ལྟ་བཤལ་འོང་ནི་མེད་མི་དེ་ ད་ལས་ཕར་ ལྟ་བཤལ་འོང་ནིའི་ས་ཁོངས་ཅིག་སྦེ་བཟོ་ཐབས་ལུ་ བསམ་གྲུབ་ལྗོངས་མཁར་དང་ ངང་ལམ་ ཇོ་མོ་གཙང་ཁ་ དེ་ལས་ པཱན་སྦང་ཚུ་ནང་ ལྟ་བཤལཔ་འོང་ནིའི་དོན་ལུ་ འཛུལ་སྒོ་༤ སྒོ་ཕྱེ་ནི་ཨིན་ཟེར་ ཁས་བླངས་འབད་ཡི།
ད་ལྟོ་ཚུན་ རྒྱལ་ཁབ་ནང་ ལྟ་བཤལཔ་འོང་ནི་དེ་ གནམ་མཁའ་ལས་ གནམ་གྲུ་སྤྱོད་དེ་ སྤ་རོ་རྒྱལ་སྤྱི་གནམ་ཐང་དང་ ས་ཁ་ལས་འབད་བ་ཅིན་ ཆུ་ཁ་ཕུན་ཚོགས་གླིང་འཛུལ་སྒོ་༢ མ་གཏོགས་ གཞན་སའི་ནིའི་ ས་གོ་མིན་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ཤར་ཕྱོགས་ལུང་ཕྱོགས་ནང་ རྒྱལ་སྤྱི་གནམ་གྲུ་ཐང་བར་ན་སྐོརམ་ཅིག་ གཞི་བཙུགས་འབད་ཐོག་ལས་ ལུང་ཕྱོགས་འདྲ་མཉམ་སྦེ་ དཔལ་འབྱོར་གོ་ང་འཕེལ་གཏང་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ དཔལ་འབྱོར་གོང་འཕེལ་གཏང་ཐབས་ལུ་ ལྟ་བཤལཔ་ཚུ་གི་དོན་ལུ་ པདྨ་དགའ་ཚལ་རྫོང་ཁག་ནང་ སྐྱེ་ལྡན་ལྟ་བཤལ་ས་ཁོངས་བཟོ་ནི་དང་ ལྟ་བཤལ་པའི་མགྲོན་ཁྱིམ་ སོ་ནམ་ཚོང་ཁང་ དེ་ལས་ རྡོ་དཀར་ལས་འགུལ་གྱིས་ མི་སེར་ཚུ་ལུ་ ཁེ་ཕན་ཡོད་རུང་ མི་སེར་ལུ་ དཀའ་ངལ་དང་གདོང་ལེན་ཡོད་མི་དེ་ བསལ་ནི་ཨིན་ཟེར་ཨིན་པས།
དོས་འབག་མི་ སྣུམ་འཁོར་གྱི་དེད་གཡོགཔ་དང་ སའི་ཇོ་བདག་ མི་སེར་ཚུ་ལུ་ ཁེ་ཕན་ཡོདཔ་སྦེ་ གཞུང་གིས་ རྒྱབ་སྐྱོར་འབད་ནི་ཨིན་ཟེར་ ཁས་བླངས་འབད་ཡི།
གནད་དོན་༢ པ་ གཞུང་༢ པའི་སྐབས་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁབ་ནང་ སློབ་གྲྭ་ལྟེ་བ་༦༣ གཞི་བཙུགས་འབད་མི་ཚུ་ སྒོ་བསྡམས་མི་དེ་ ལོག་སྟེ་ར་སྒོ་ཕྱེ་བའི་ཁར་ གྲོང་གསེབ་ཀྱི་མི་སེར་ཚུ་ལུ་ ཁེ་ཕན་འབྱུང་ནིའི་དོན་ལས་ སློབ་གྲྭ་ལྟེ་བ་ གཞི་བཙུགས་འབད་ནི་ཨིན་ཟེར་ཨིན་པས།
ན་གཞོན་སློབ་ཕྲུག་ཚུ་ལུ་ ཤེས་རིན་ཡོན་ཏན་ཚུ་ སྤུས་ཚད་ཅན་སྦེ་འཐོབ་ཐབས་ལུ་ སློབ་དཔོན་ཚུ་གིས་ ཨའེ་ཌབ་ལུ་པི་ཚུ་ མེདཔ་སྦེ་བཟོ་ནི་དང་ གཟའ་ཉི་མ་ལུ་ ངལ་གསོ་བཞག་ནི་ཨིནམ་སྦེ་སླབ་ཅི།
རྫོང་ཁག་གི་ སྨན་ཁང་རྒྱ་སྐྱེད་གཏང་ནི་དང་ རྒེད་འོག་རེ་ནང་ ཌོག་ཊར་རེ་དང་ སྨན་གཡོགཔ་རེ་ དེ་ལས་ གྲོང་གསེབ་ཚུ་ནང་སྡོད་མི་ རྒས་གཞོན་ག་ར་ལུ་ ཨེན་ཌོསི་ཀོ་པི་བརྟག་དཔྱད་འབད་ནི་དང་ ཨཱལ་ཊ་ས་འུནཌི་ ཁྲག་ཤུགས་ དེ་ལས་ སྨན་བཅོས་ཀྱི་ཞབས་ཏོག་ཚུ་ བྱིན་ནི་ཨིན་ཟེར་ཨིན་པས།
དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ འཁོར་ལམ་དེ་ཡང་ ཁག་ཆེ་ནི་དེ་གིས་ པདྨ་དགའ་ཚལ་ལས་ ངང་ལམ་གྱི་འཁོར་ལམ་དེ་ རྒྱ་སྐྱེད་འབད་དེ་ སྟབས་གཅིག་གུ་ སྣུམ་འཁོར་༢ འགྲོ་འགྲུལ་འབད་ཚུགསཔ་བཟོ་ནི་དང་ དན་ཆི་ལས་ གོང་རི་ཚུན་གྱི་ལམ་ བཏོན་ཞིནམ་ལས་ སྐྱེངས་མཁར་བརྒྱུད་དེ་ མོང་སྒར་རྫོང་ཁག་ནང་ འགྱོ་ཚུགསཔ་བཟོ་ནི་ཨིན་ཟེར་ཨིན་པས།
མོང་རི་ལས་ དེབ་རི་འཛོམས་སའི་ལམ་བཏོན་ནི་དང་ སོ་ནམ་ཞིང་ལམ་ཚུ་ གཙོ་རིམ་བསྒྲིག་ཞིནམ་ལས་ རྩི་ནག་དང་ རྡོ་རུ་བླུག་སྟེ་ ལམ་གྱི་གཞི་འགྱམ་ལེགས་ཤོམ་བཟོ་ནི་ཨིན་ཟེར་ཞུ་ཡི།
བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་འདེམས་ངོ་ ཡེ་ཤེས་རྒྱ་མཚོ་གིས་ དྲི་བ་ཞུ་མིའི་ནང་ ཚེ་གླིང་འཁོར་ལས་ དན་ཆི་ཚུན་གྱི་ལམ་དེ་ མི་སེར་དམངས་གཙོ་ཚོགས་པ་ གཞུང་སྐྱོང་འབད་བའི་སྐབས་ སྣང་མེད་སྐྱུར་བཞག་ཡོདཔ་སྦེ་མཐོང་ཡི་ཟེར་ཨིན་པས།
དེ་ལུ་ འདེམས་ངོ་གིས་ དོགས་སེལ་འབད་མིའི་ནང་ པདྨ་དགའ་ཚལ་རྫོང་ཁག་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་དེ་ གདམ་འཐུ་མ་འབད་མི་དང་ འདེམས་ཁོངས་ལས་ ལྡོག་ཕྱོགས་ཀྱི་འདེམས་ངོ་སྦེ་གདམ་འཐུ་འབད་མི་ལུ་བརྟེན་ ལུས་སོཔ་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ དན་ཆི་རྫོང་གསརཔ་བཞེངས་ནི་དེ་ ཕར་ཕུད་རྐྱབ་མ་བཞག་པར་ ས་ཁྲ་ལོག་བཟོ་དགོ་མི་དང་ དབུ་རྩེ་ རབ་གསལ་ཚུ་ བསྒྱུར་བཅོས་འབད་དེ་ ལོག་བཞེངས་དགོ་ནི་དེ་གིས་ ལུས་སོཔ་མ་གཏོགས་ མ་དངུལ་ཚུ་ཡང་ གྲ་སྒྲིག་སྦེ་བཟོ་བཞག་ནུག་ཟེར་ཨིན་པས།
པདྨ་དགའ་ཚལ་རྫོང་ཁག་གི་ སྨན་ཁང་ལྟེ་བའི་ནང་ ད་ལྟོ་ ཌོག་ཊར་༡ ཡང་མེད་པའི་ དཀའ་ངལ་ཡོད་པའི་གུ་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒེད་འོག་༡༡ ནང་ ཌོག་ཊར་རེ་ ག་དེ་སྦེ་བྱིན་ཚུགས་ནི་ཨིན་ན་ཟེར་ དྲི་བ་བཀོད་པའི་ལན་ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ ད་ལྟོ་མེད་མི་དང་ ཡོདཔ་སྦེ་བཟོ་ནི་ཨིན་ཟེར་ ཁས་བླངས་འབད་དོ་ཟེར་ཨིན་པས།
བྷུ་ཊཱན་རྟེན་འབྲེལ་ཚོགས་པ་དང་ ན་ནོང་-ཤུ་མར་འདེམས་ཁོངས་ཀྱི་འདེམས་ངོ་ ཡེ་ཤེས་རྒྱ་མཚོ་གིས་ འགོ་ཐོག་བཙག་འཐུའི་ནང་ འབྲུག་གི་མི་སེར་དང་ པདྨ་དགའ་ཚལ་མི་སེར་ཚུ་གིས་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་ལུ་ རྒྱབ་སྐྱོར་གནང་སྟེ་ སྤྱིར་བཏང་བཙག་འཐུའི་ནང་ ལྷོད་ཚུགསཔ་བཟོ་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་དང་ སྤྱིར་བཏང་བཙག་འཐུ་ནང་ཡང་ རྒྱབ་སྐྱོར་མཛད་གནང་དགོཔ་སྦེ་ཞུ་ཡི།
བྷུ་ཊཱན་རྟེན་འབྲེལ་ཚོགས་པ་དང་ ན་ནོང་-ཤུ་མར་འདེམས་ཁོངས་ལས་ འདེམས་ངོ་སྦེ་ སྐྱེས་ལོ་༤༩ ལང་མི་ ཡེ་ཤེས་རྒྱ་མཚོ་གིས་ བེང་ཀོག་གི་ འཕྲུལ་རིག་གཙུག་ལག་སློབ་སྡེ་ལས་ དངུལ་ཁང་དང་དངུལ་རྩིས་ནང་ གཙུག་ལག་གི་ཤེས་ཡོན་སྦྱང་ཡོདཔ་ཨིན་པས།
ཁོ་གིས་ ལོ་ངོ་༢༥ འི་རིང་ བྷུ་ཊཱན་གོང་འཕེལ་དངུལ་ཁང་ནང་ ཕྱག་ཞུ་སྟེ་ ཡན་ལག་དངུལ་ཁང་ལས་ འཛིན་སྐྱོང་གོངམ་སྦེ་ དགོངས་ཞུ་འབད་ཡོདཔ་ཨིན་པས།
འདེམས་ངོ་གིས་ བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་ལྟེ་བ་དང་ གཞི་རྩ་ དེ་ལས་ དམིགས་གཏད་དང་ དམིགས་ཡུལ་ཡང་ དཔལ་འབྱོར་ལྡན་པའི་རྒྱལ་ཁབ་བཟོ་ནི་དེ་ཨིནམ་ལས་ ཁྱོད་ཀྱི་བསམ་བརྗོད་ ཁྱོད་ཀྱི་རེ་འདོད་ཨིན་ཟེར་ཨིན་པས།
དཔལ་འབྱོར་ལྡན་པའི་རྒྱལ་ཁབ་བཟོ་ཐབས་ལུ་ སྤྱིར་བཏང་གི་ཁས་བླངས་གུ་ འདེམས་ངོ་གིས་ སླབ་མིའི་ནང་ མི་མང་ཞབས་ཏོག་ལྟེ་བ་དེ་ཨིནམ་ལས་ ད་ལྟོ་ཡོད་པའི་ ལམ་ལུགས་དང་ སྒྲིག་གཞི་ཚུ་ ནད་གཞི་ཅིག་སྦེ་ངོས་འཛིན་འབད་ཡོདཔ་ལས་ དེ་ཚུ་གི་ བསྐྱར་ཞིབ་དང་ སྲིད་བྱུས་ལེགས་བཅོས་འབད་ནི་ཨིན་ཟེར་ཨིན་པས།
མི་མང་ཞབས་ཏོག་ལྟེ་བའི་འོག་ལུ་ གྲོང་གསེབ་ཚུ་ནང་ ཁྱིམ་རྐྱབ་ནིའི་དོན་ལུ་ ས་ཁྲ་དང་ གནང་བ་ཞུ་ནིའི་དོན་ལུ་ རྒེད་འོག་བརྒྱུད་དེ་ རྫོང་ཁག་ཚུན་འོང་དགོ་པའི་ལམ་ལུགས་དང་ སྒྲིག་གཞི་ཚུ་ དཀའ་ངལ་ཅན་ཅིག་ཨིནམ་ལས་ དེ་ཚུ་ མེདཔ་སྦེ་བཟོ་ནི་དང་ སོ་ནམ་ཞིང་ལམ་བཏོན་མི་ལུ་ མི་སེར་ཚུ་ལུ་ སའི་རྒུད་འཐུས་སྤྲོད་ནི་ སྐྱེས་ལོ་༦༥ ཡན་ཆ་འབད་མི་ཚུ་ལུ་ དྲིན་ཅན་ཕ་མའི་དྲིན་ལན་ཟུར་ཕོགས་སྦེ་ སྤྲོད་ནི་ཨིན་ཟེར་ཨིན་པས།
ན་གཞོན་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ ད་ལྟོ་ཚུན་ ཞི་གཡོག་ཆོས་རྒྱུགས་རྐྱབ་ནིའི་དོན་ལུ་ དང་པ་སྔོན་འགྲོའི་ཆོས་རྒྱུགས་རྐྱབ་དགོཔ་བྱུང་མི་དེ་ ད་ལས་ཕར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་གྲོས་བསྟུན་འབད་ཞིནམ་ལས་ སྔོན་འགྲོ་ཆོས་རྒྱུགས་རྐྱབ་མ་དགོ་པར་ ཐད་ཀར་དུ་ ཞི་གཡོག་ཆོས་རྒྱུགས་རྐྱབ་ཆོགཔ་སྦེ་བཟོ་ནི་ཨིན་ཟེར་ ཁས་བླངས་འབད་ཡི།
ཞི་གཡོག་ཆོས་རྒྱུགས་རྐྱབ་ནིའི་དོན་ལུ་ གཞུང་གིས་ བཅའ་སྒྲིག་དང་ སྦྱོང་བརྡར་ཚུ་ བྱིན་ནི་ཨིན་ཟེར་ཨིན་པས།
སློབ་རིམ་༡༢ པ་མཐར་འཁྱོལ་མི་དང་ མཐོ་རིམ་ཤེས་ཚད་མཇུག་བསྡུ་མི་ ན་གཞོན་སློབ་ཕྲུག་ཚུ་ལུ་ ལོ་༡ གི་རིང་ གནས་སྐབས་ཀྱི་ལཱ་གཡོག་སྤྲོད་ནི་ཨིནམ་མ་ཚད་ འཚོ་རྟེན་དངུལ་ཕོགས་ཡང་ སྤྲོད་ནི་ཨིན་མི་དེ་ཡང་ ཉམས་མྱོང་དང་ རིག་རྩལ་ ལྕོགས་གྲུབ་གོང་འཕེལ་གཏང་ཐབས་ལུ་ཨིན་ཟེར་ཨིན་པས།
ཕྱིའི་ཏི་རུ་ ནང་ན་འོང་ཐབས་དོན་ལུ་ དངུལ་བྱང་ ཀེར་ཌིཊ་ཀཱཌ་དང་ མཱསི་ཊར་ཀཱཌ་གི་མཐུན་རྐྱེན་ཚུ་ བྱིན་ནི་ཨིན་ཟེར་ཨིན་པས།

འདེམས་ཁོངས་ཁས་བླངས།
འདེམས་ངོ་ཡེ་ཤེས་རྒྱ་མཚོ་གིས་ སླབ་མིའི་ནང་ གལ་སྲིད་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ གཞུང་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ དན་ཆི་ལས་ གྲང་མེད་ཆུ་ཚུན་གྱི་ ལམ་བསལ་ཞིནམ་ལས་ ས་དང་བྱེམ་ཚུ་ པདྨ་དགའ་ཚལ་ལུ་ སྐྱེལ་འདྲེན་འབད་ནི་ལུ་ ཁེ་ཕན་འབྱུང་ནི་དང་ དན་ཆི་ལས་ སྐྱེངས་མཁར་འཐོན་ཏེ་ མོང་སྒར་ལུ་ འགྲུལ་སྐྱོད་འབད་ཐབས་ལུ་ སྣུམ་འཁོར་ཐལ་བའི་ ཟམ་ཅིག་རྐྱབ་ནི་ཨིན་ཟེར་ཨིན་པས།
རྡོ་དཀར་འབག་མི་ སྣུམ་འཁོར་ཊཱག་གི་དེད་གཡོགཔ་ཚུ་ལུ་ གཏན་འཇགས་དཀའ་ངལ་ཡོདཔ་ལས་ ད་ལྟོ་ ལྗིད་ཚད་བཟོ་མི་ལས་བརྒལ་ འབག་མ་ཆོགཔ་ཡོད་མི་དང་ ཐེངས་༡༥ ལས་བརྒལ་ འབག་མ་ཆོགཔ་སྦེ་ཡོད་མི་དེ་ བསྐྱར་ཞིབ་འབད་དེ་ བསྒྱུར་བཅོས་འབད་ནི་དང་ འཁོར་ལམ་ཚུ་ཡང་ རྒྱ་སྐྱེད་འབད་ནི་ དེ་ལས་ བྱ་སྒོའི་ལམ་ལུགས་གསརཔ་བཟོ་དགོ་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཕྱི་མུང་ལུ་ ཟམ་བཟོ་སྐྲུན་འབད་ཐོག་ལས་ བོ་རང་ཆི་ལོ་དང་ མཱན་མི་སྡེ་ནང་ ལྷོད་ཚུགསཔ་བཟོ་ནི་དང་ དན་ཆི་ཁྲོམ་ནང་ སྤྱི་དོན་ཁང་ཅིག་བཟོ་སྐྲུན་འབད་ནི་ དེ་ལས་ དན་ཆི་ཁྲོམ་ལས་ ཐད་ཀར་དུ་ ས་སྣུམ་བླུག་སའི་ ས་ཁོངས་ནང་ འགྲུལ་སྤྱོད་འབད་ཚུགས་པའི་ ལམ་བསལ་ནི་ཨིན་ཟེར་ ཁས་བླངས་འབད་ཡི།
ན་ནོང་རྒེད་འོག་ལས་ དན་ཆི་གི་ལམ་མཐུད་སྦྲེལ་འབད་ཐབས་ལུ་ ག་མུང་དང་ ཤ་ལི་བརྒྱུད་དེ་ འཁོར་ལམ་བསལ་ནི་དང་ ན་ནོང་རྒེད་འོག་ནང་ ས་སྣུམ་བཀྲམ་ཁང་ཅིག་རྐྱབ་ནི་ཟེར་ཨིན་པས།
དེ་བཟུམ་སྦེ་ འདེམས་ངོ་གིས་ སླབ་མིའི་ནང་ ན་ནོང་རྒེད་འོག་འོག་དང་ ཚ་ཚི་རྒེད་འོག་གི་ མུ་ན་ས་ཁོངས་ལས་ ས་དམརཔོ་དང་ གནགཔོ་ སེརཔོ་ དཀརཔོ་ཚུ་བཏོན་ཐབས་དང་ ཀེ་བ་དང་ ས་སྒ་གསོག་འཇོག་སྦེ་ བསིལ་མཛོད་ཁང་ནང་བཞག་ཐབས་ལུ་ བསིལ་མཛོད་ཁང་ཆུང་བ་ཅིག་ བཟོ་སྐྲུན་འབད་ནི་ཨིན་ཟེར་ཨིན་པས།
བཟོ་བལ་ལས་ ཤོ་མར་མཇུག་གི་ལམ་མཐུད་སྦྲེལ་འབད་ནི་དང་ ཟོར་མཇུག་དང་ ངང་མ་ལང་ལས་ ལེགས་ཤིང་མཁར་དང་ ཁེ་ན་དང་གྱི་འཁོར་ལམ་མཐུད་སྦྲེལ་འབད་ནི་དང་ དགོན་པ་སིང་མ་དང་ ཕྱུང་མཁར་ ཁེ་རི་དགོན་པ་ པང་ཐ་ད་ཟ་ དེ་ལས་ བཟོ་བལ་གཡུས་ཚན་ཚུ་ནང་ འཐུང་ཆུའི་དཀའ་ངལ་རྒྱ་ཆེ་དྲགས་སྦེ་ཡོད་མི་དེ་ ཁོམ་རི་ཆུ་རྐ་ལས་ འཐུང་ཆུ་བཀྲམ་སྤེལ་འབད་ནི་ཨིནམ་སྦེ་ ཁས་བླངས་འབད་ཡི།
ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ གནམ་གྲུ་ཐང་བཟོ་བསྐྲུན་འབད་ཐབས་ལུ་ ཞིབ་འཚོལ་འབད་ནི་ཨིན་ཟེར་ཨིན་པས།
དེ་འཕྲོ་ལས་ དཔལ་འབྱོར་བཅོ་ཁ་རྐྱབ་དགོ་པ་ཅིན་ གཙོ་བོ་མ་དངུལ་དེ་ ཁག་ཆེ་ནི་དེ་གིས་ བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་ཁས་བླངས་ནང་ མ་དངུལ་ཐེར་འབུམ་༥༠ དེ་ གཞི་རྟེན་མཁོ་ཆས་ཀྱི་དོན་ལུ་ ཟད་འགྲོ་བཏང་ནི་སྦེ་འདུག།
འཆར་གཞི་༡༣ པའི་ཟིན་བྲིས་བཏབ་བཞག་མིའི་ནང་ མ་དངུལ་ཐེར་འབུམ་༥༠༠ ཡོད་མི་ལས་ བཏོན་ཏེ་ ལཱ་འབད་ནི་དང་ མི་སེར་དམངས་གཙོ་ཚོགས་པ་འབད་བ་ཅིན་ མ་དངུལ་ཐེར་འབུམ་༡༥ དེ་ ལྷན་ཐབས་མ་དངུལ་ལོགས་སུ་སྦེ་བཞག་མི་ལས་ སྤྱོད་ནི་སྦེ་ཡོད་ཟེར་ཨིན་པས།
དེ་ལུ་ འདེམས་ངོ་ཡེ་ཤེས་རྒྱ་མཚོ་གིས་ སླབ་མིའི་ནང་ ཚོགས་པ་དེ་ གསརཔ་ཅིག་འབདཝ་ལས་ ཐད་ཀར་དུ་ ལག་ལེན་འཐབ་ནིའི་དོན་ལུ་ ཧེམ་ཅུང་ནང་ ལོགས་སུ་སྦེ་ ཧེ་མར་ མ་དངུལ་མེད་ནི་དེ་གིས་ འཆར་གཞི་༡༣ པའི་མ་དངུལ་བགོ་བཀྲམ་ནང་ དངུལ་ཀྲམ་ཐེར་འབུམ་༢༥༠ བཞག་མི་ལས་ དུས་སྐབས་ཅིག་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༥༠ ལག་ལེན་འཐབ་སྟེ་ གཞི་རྟེན་མཁོ་ཆས་ལུ་ ཟད་འགྲོ་བཏང་ནི་དང་ དེ་གི་ལྷན་ཐབས་ལུ་ ལོ་རེ་ལུ་ དངུལ་ཀྲམ་ཐེར་འབུམ་༨༢ རེ་འོང་འབབ་བཟོ་ནི་སྦེ་ གཙོ་རིམ་སྒྲིག་ཏེ་ཡོད་ཟེར་ ཁུངས་བཀལ་ཡི།
དེ་ཡང་ རྒྱུ་ནོར་༥ ཐོག་ལས་ འོང་འབབ་བཟོ་ནི་ཨིནམ་ལས་ སོ་ནམ་དང་སྒོ་ནོར་ ལྟ་བཤལ་ གཞི་རྟེན་མཁོ་ཆས་ གློག་མེ་ནུས་ཤུགས་ དེ་ལས་ གཏེར་ཁ་དང་ས་གཏེར་ཚུ་ལུ་ བརྩོན་ཤུགས་བསྐྱེད་དེ་ འོང་འབབ་བཟོ་ནི་དེ་ཨིན་ཟེར་ ཡེ་ཤེས་རྒྱ་མཚོ་གིས་ དོགས་སེལ་འབད་ཡི།
གཞུང་སྐྱོང་དང་ལྡོག་ཕྱོགས་བར་ན་ ཁྱད་པར་དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་གི་གོ་སྐབས་ཐོབ་མི་ལུ་བརྟེན་ སྣུམ་འཁོར་ལམ་དང་ གློག་མེ་ཞབས་ཏོག་ དེ་ལས་ གཞི་རྟེན་མཐུན་རྐྱེན་གཞན་ཚུ་ མཁོ་སྒྲུབ་འབད་རུང་ ལྡོག་ཕྱོགས་སྦེ་ལོ་༡༠ ཕྱག་ཞུ་བའི་སྐབས་ པདྨ་དགའ་ཚལ་རྫོང་ཁག་ནང་ ཡར་རྒྱས་གོང་འཕེལ་ག་ནི་ཡང་ བཏང་མ་ཚུགས་པར་དེ་སྦེ་ར་ལུས་ཡོདཔ་སྦེ་ བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་འདེམས་ངོ་གིས་ དོགས་སེལ་འབད་ཡི།
དེ་བཟུམ་སྦེ་ གཞུང་དང་པའི་སྐབས་ སྨན་ཁང་ཅིག་ནང་ མོ་ནད་མཁས་མཆོག་ཡོད་མི་དེ་ཡང་ གཞུང་༢ པའི་སྐབས་ གནས་སོར་བཏང་པའི་ཁར་ པདྨ་དགའ་ཚལ་རྫོང་ཁག་ནང་ རིག་རྩལ་སྦྱོང་བརྡར་ལྟེ་བ་ཅིག་གཞི་བཙུགས་འབད་མི་ཡང་ ག་ཏེ་ཡང་མེདཔ་སྦེ་སོང་ཡི་ཟེར་ འདེམས་ངོ་གིས་ཞུ་ཡི།
གལ་སྲིད་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་གྱི་རྒྱབ་སྐྱོར་འབད་དེ་ གཞུང་སྐྱོང་ནི་གི་གོ་སྐབས་ འཐོབ་པ་ཅིན་ མ་དངུལ་ཐེར་འབུམ་༡༥ ལྷན་ཐབས་མ་དངུལ་སྦེ་ གཙོ་རིམ་སྒྲིག་ཏེ་ཡོདཔ་ལས་ འདེམས་ཁོངས་ནང་ གནས་སྟངས་དང་བསྟུན་ཏེ་ སོ་ནམ་ཞིང་ལམ་དང་ ཟུར་ལམ་གསརཔ་སེལ་ནི་དང་ པདྨ་དགའ་ཚལ་དང་ངང་ལམ་དྲུང་ཁག་གི་བར་ན་ སྟབས་གཅིག་ཁར་ སྣུམ་འཁོར་༢ འགྲོ་འགྲུལ་འབད་ཚུགས་པའི་ སྣུམ་འཁོར་ལམ་རྒྱ་སྐྱེད་འབད་ནི་ཨིན་ཟེར་ཁས་བླངས་འབད་ཡི།
དེ་གིས་སྦེ་ རྫོང་ཁག་ལས་ ཐོན་སྐྱེད་འབད་མི་ཚུ་ ཕྱིར་ཚོང་འབད་ནིའི་ཚོང་ལམ་གྱི་ ཁེ་ཕན་ཡོདཔ་བཟོ་ནི་དང་ སོ་ནམ་དང་ ཤིང་འབྲས་ཐོན་སྐྱེད་ལུ་བརྟེན་པའི་ཚོང་འབྲེལ་དང་ མི་སེར་དམངས་གཙོ་ཚོགས་པ་གིས་ གཞི་བཙུགས་འབད་མི་ སོ་ནམ་ཚོང་ཁང་དེ་ ལོག་སྒོ་ཕྱེ་ནི་ཨིན་ཟེར་ཨིན་པས།
འདེམས་ངོ་གིས་ ལོ་ཐོག་ཚུ་ རི་དྭགས་སེམས་ཅན་གྱིས་ གནོད་སྐྱོན་རྐྱབ་ནི་ལས་ བཀག་ཐབས་ལུ་ རིན་མེད་སྟོང་པར་ ལྕགས་ཀྱི་དྲྭ་མིག་རྐྱབ་ནི་དང་ ཆུ་རུད་དང་ས་རུད་ རླུང་འཚུབས་ལུ་བརྟེན་ ལོ་ཐོག་ལུ་ གནོད་སྐྱོན་རྐྱབ་པ་ཅིན་ དེ་ལུ་ ཉོན་བཅོལ་གྱི་འཐུས་བྱིན་ནི་ཨིན་ཟེར་ སླབ་ཡོད་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།

གསར་སྤང་ལུ་སྡོད་མི་ཚུ་ དྲན་ཤེས་ཁྲོམ་ཚོགས་ལས་ རེ་བ་སྦོམ་བསྐྱེད་དོ་ཡོདཔ།༉ གསར་སྤང་གི་ རྒེད་འོག་༡༢ ལས་༡༠ དྲག་ཤེས་ཁྲོམ་ཚོགས་...
01/01/2024

གསར་སྤང་ལུ་སྡོད་མི་ཚུ་ དྲན་ཤེས་ཁྲོམ་ཚོགས་ལས་ རེ་བ་སྦོམ་བསྐྱེད་དོ་ཡོདཔ།

༉ གསར་སྤང་གི་ རྒེད་འོག་༡༢ ལས་༡༠ དྲག་ཤེས་ཁྲོམ་ཚོགས་གོང་འཕེལ་གཏང་ལུ་ ངོས་འཛིན་འབད་དེ་ཡོདཔ་བཞིན་དུ་ འཕྲལ་ཁམས་ཅིག་ཁར་ དགེ་ལེགས་ཕུག་རྒྱལ་སྤྱི་གནམ་གྲུ་ཐང་གི་ ས་བསླང་རྟེན་འབྲེལ་ བརྩི་སྲུང་འབད་མི་དང་འབྲེལ་ ཁྲོམ་ཚོགས་གཞི་བཙུགས་འབད་ནིའི་ ས་བསླང་རྟེན་འབྲེལ་ཡང་ བརྩི་སྲུང་འབད་ནུག།
ཤུལ་མའི་ཟླཝ་ཚུ་ནང་ ལོ་ནག་ཕོག་དོ་ཡོདཔ་ལས་ རྒེད་འོག་དེ་ཚུའི་ནང་ ས་བསླང་རྟེན་འབྲེལ་བརྩི་སྲུང་དེ་ཡང་ སྔ་གོང་ལས་འབད་ཡོདཔ་ཨིན་པས།
ས་ཐག་རིང་སར་ཡོད་པའི་ འཇིགས་མེད་ཆོས་གླིང་(སུ་རེ་)དང་ ཆུ་འཛོམས་(དོ་བཱན་)རྒེད་འོག་༢ མ་གཏོགས་ རྒེད་འོག་གཞན་ རྟ་རས་ཐང་དང་ ཨུམ་གླིང་ ཆུ་གཟར་སྒང་ གསེར་གཤོང་ དགེ་ལེགས་ཕུག་ བསམ་གཏན་གླིང་ བདེ་སྐྱིད་གླིང་ གཤོམ་སྤང་ཁ་ དགའ་སྐྱིད་གླིང་ དེ་ལས་ སེངྒེ་ཚུ་ནང་ ཁྲོམ་ཚོགས་གོང་འཕེལ་གཏང་ནིའི་ འཆར་གཞི་ཚུ་ནང་ ཚུད་ཡོདཔ་ཨིན་པས།
ད་རེས་ རྒེད་འོག་གནས་ཚད་ནང་ དམིགས་བསལ་གྱི་ རྒེད་འོག་གོང་འཕེལ་ལས་སྣ་ཚུ་ གྲ་སྒྲིག་མ་འབད་བར་ཡོདཔ་ད་ རྒེད་འོག་ཚུ་གིས་ དངུལ་ཐོག་གི་ ཤིང་གི་གྱངས་ཁ་ཚུ་ གསར་སྤང་བདག་སྐྱོང་ཡིག་ཚང་ལུ་ རྩིས་སྤྲོད་འབད་ནུག།
དངུལ་ཐོག་ཤིང་གི་གྲངས་སུ་ རྡོག་མ་ཤིང་དང་ ཨ་གར་ཤིང་ ཊིག་ཤིང་ ཚལ་ལུ་ཤིང་ ཨ་ལཱན་ཅི་ དེ་ལས་ ཤིང་འབྲས་ཚུ་ཚུདཔ་ཨིན་པས།
དགའ་སྐྱིད་གླིང་རྒཔོ་ ཉིམ་རྡོ་རྗེ་ཤེས་ར་གིས་ སླབ་མིའི་ནང་ ཤིང་གི་གྱངས་ཁ་ཚུ་ཡང་ རྫོང་ཁག་བདག་སྐྱོང་གིས་ བཀའ་རྒྱ་དང་འཁྲིལ་ཏེ་བྱིན་ཡོདཔ་ད་ ང་བཅས་ཀྱིས་ གུང་པ་རེ་ལུ་སོང་སྟེ་ ཤིང་གི་ཐོ་ཚུ་ བསྡུ་ལེན་འབད་ཡི་ཟེར་ཨིན་པས།
ཁྲོམ་ཚོགས་གཞི་བཙུགས་འབད་ནིའི་ གསལ་བསྒྲགས་འབད་བའི་ཤུལ་ལས་ ས་གནས་ཀྱི་ མི་སེར་ཚུ་ སེམས་དགའ་སྟེ་ཡོདཔ་ད་ གསར་སྤང་གི་ སྒེར་གྱི་རྒྱུ་དངོས་ཚུ་ ག་དེ་སྦེ་འབད་འོང་ག་ཟེར་ ཤེས་རྟོགས་མེདཔ་ལས་ མི་སེར་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།
དཔེ་འབད་བ་ཅིན་ སའི་ཇོ་བདག་ཚུ་ ཁོང་རའི་ས་ཆ་ཚུ་ ལས་འགུལ་ལུ་ ཤོར་ནིའི་ཚ་གྱང་ལང་སྟེ་ཡོདཔ་ད་ ཨིན་རུང་ ང་བཅས་ཀྱི་ས་ཆ་ཚུ་ ལས་འགུལ་གྱིས་ གནོད་སྐྱོན་མི་རྐྱབ་ནིའི་ ཁས་ལེན་ཐོབ་སྟེ་ཡོད་ཟེར་ཨིན་པས།
ཨིན་རུང་ ལས་འགུལ་གྱི་ཁ་གསལ་ལུ་ སྒུགཔ་དང་འབྲེལ་ ང་བཅས་ར་ གྲ་སྒྲིག་སྡོད་ནིའི་དོན་ལུ་ གནད་དོན་དེའི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ ལེགས་ཤོམ་སྦེ་ ཐོབ་དགོཔ་ཅིག་འདུག་ཟེར་ དགེ་ལེགས་ཕུག་ལས་ སའི་ཇོ་བདག་ཅིག་གིས་ བཤདཔ་ཨིན་པས།
ཕྱོགས་གཅིག་ལས་ རྒཔོ་ཉིམ་རྡོ་རྗེ་གིས་ སླབ་མིའི་ནང་ ལས་འགུལ་ལུ་བརྟེན་ ཡུན་རིང་གི་ ཁེ་ཕན་སྐོར་ལས་ ཤེས་མི་ཚུ་དང་འཁྲིལ་བ་ཅིན་ ཁོང་རའི་རྒྱུ་དངོས་ཚུ་ ཁྲོམ་ཚོགས་གོང་འཕེལ་གྱི་ ལས་སྣ་ཚུ་ནང་ བཙུགས་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཅིག་གིས་ སླབ་མིའི་ནང་ གསར་སྤང་གི་ སའི་ཇོ་བདག་ཅིག་ལུ་ ཁྲོམ་ནང་ཚུད་མི་ སའི་རྒུད་འཐུས་ཚུ་ གཞུང་གི་གོང་ཚད་དང་འཁྲིལ་ཏེ་ བྱིན་ནི་མས་ཟེར་ཨིན་པས།
གསར་སྤང་རྫོང་ཁག་ཚོགས་འདུའི་ཁྲི་འཛིན་དང་ གསེར་གཤོང་རྒཔོ་ ཚེ་རིང་གིས་ སླབ་མིའི་ནང་ ས་གནས་ནང་སྡོད་མི་དང་ སའི་ཇོ་བདག་ཚུ་ ཁྲོམ་ཚོགས་གོང་འཕེལ་ལས་འགུལ་ལུ་ སེམས་དགའ་སྟེ་ཡོདཔ་ད་ དེ་བཟུམ་མའི་ ལས་འགུལ་འོང་མི་ལུ་ སྐལ་བ་བཟང་བའི་ཁར་ མི་དབང་མཆོག་གིས་ཡང་ ཡང་བསྐྱར་དུ་ ལས་འགུལ་གྱིས་ མི་སེར་ཚུ་ལུ་ ཐོ་མ་ཕོགཔ་སྦེ་ འབད་དགོ་པའི་སྐོར་ལས་ གསུངས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གསར་སྤང་གི་ ཕྱི་ཁར་སྡོད་མི་ཚུ་ འབྲེལ་ཡོད་མི་སྡེ་འགོ་ཁྲིདཔ་ཚུ་ལུ སྙན་ཞུ་འབད་དགོཔ་སྦེ་ སླབ་དོ་ཡོདཔ་ད་ མི་སེར་ཚུ་གིས་ ཁོང་རའི་ ཚ་གྱང་ཡོད་ལུགས་ཚུ་བཤད་པའི་སྐབས་ གནས་སྟངས་སྐོར་ལས་ གསལ་བཤད་འབད་ནིའི་དོན་ལུ་ ཞལ་འཛོམས་ཡང་ འཚོགས་ནི་ཡོད་ཟེར་ཨིན་པས།
གནས་ཚུལ་བཤད་མི་ཚུ་དང་འཁྲིལ་བ་ཅིན་ འཁོར་ལམ་དང་ གནམ་གྲུ་ཐང་བཟོ་སྐྲུན་ནང་ཚུད་མི་ས་ཆ་ཚུ་ ཉུང་སུ་འོང་ནི་ཨིནམ་ད་ སའི་རྒུད་འཐུས་ཚུ་ཡང་ རྒྱལ་སྤྱིའི་གནས་ཚད་དང་འཁྲིལ་ཏེ་ ལག་ལེན་འཐབ་ནི་ཨིནམ་ད་ ས་ཚབ་དེ་ཡང་ ཁྲོམ་ནང་འཁོད་ལུ་ར་ བྱིན་ནི་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པའི་ནང་ལས་ གསར་སྤང་ལུ་ བཟོ་སྐྲུན་འབད་ནི་ཚུ་ གནས་སྐབས་ཅིག་ བཀག་ཆ་འབདཝ་ལས་ཚུར་ ལས་སྣ་གསརཔ་ཚུ་ ལག་ལེན་མ་འཐབ་པར་ཡོདཔ་ད་ རྒེད་འོག་ཚུ་གིས་ སོ་ནམ་ཞིང་ལམ་གོང་འཕེལ་གཏང་ནི་དང་ ཆུ་གཡུར་བཏོན་ནི་ཚུ་ འཆར་གཞི་༡༣ པའི་ནང་ གཙོ་རིམ་བཟུང་ནི་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཆགས་སའི་ ས་ཁོངས་མཐོང་སྣང་།

31/12/2023

བསམ་རྩེ་ལུ་ རོ་ཁྱིའི་འཆོལ་ནད་ ཐེངས་༣ པ་ཐོན་ཡོདཔ།

༉ འབྲུག་གིས་ སྤྱི་ལོ་༢༠༢༣ ལུ་ རོ་ཁྱིའི་གཤག་བཅོས་བརྒྱ་ཆ་༡༠༠འབད་ཚར་ཡོད་པའི་ གསལ་བསྒྲགས་འབད་དེ་ ཉིནམ་༤ ལངམ་ཅིག་ ད་རུང་ དེ་བི་ཐང་དང་ དམ་དུམ་ གསང་སྔགས་ཆོས་གླིང་ དེ་ལས་ བསམ་རྩེ་ཁྲོམ་གྱི་ ཨེ་ཌབ་ལུ་པི་ས་ཁོངས་ཚུ་ནང་ རོ་ཁྱིའི་འཆོལ་ནད་ཐེངས་༣ པ་ཐོན་ཡོད་པའི་ སྙན་ཞུ་འབད་ཡོདཔ་ཨིན་པས།
འཆོལ་ནད་དེ་ཡང་ ནོར་ཅིག་དང་ འཆོལ་ནད་བཀག་ཐབས་ཀྱི་ སྨན་ཁབ་མ་བཙུགས་མི་ སྤྱང་ཁྱི་ཅིག་ལུ་ ཐོབ་ཡོདཔ་ཨིན་པས།
བསམ་རྩེ་ཁྲོམ་ནང་ དུས་ཚོད་ཁར་ འཆོལ་ནད་བཀག་ཐབས་ཀྱི་ ལས་རིམ་འགོ་འདྲེན་འཐབ་མི་ལུ་བརྟེན་ དེ་འཕྲོ་ལས་ འཆོལ་ནད་བཀག་ཚུགས་ཡོདཔ་ཨིན་པས།
རྫོང་ཁག་སྒོ་ནོར་འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ འཆོལ་ནད་དེ་ ས་མཚམས་ཕྱི་ཁ་ལས་ སྤྱང་ཁྱི་ཅིག་ རྒྱལ་ཁབ་ནང་འཛུལ་འོང་པའི་ཤུལ་ལས་ དར་ཁྱབ་སོང་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤྱང་ཁྱི་དེ་གིས་ དེ་བི་ཐང་ལུ་སྡོད་མི་༤ དེ་ཅིག་ལུ་ སོ་བཏབ་ནུག་ཟེར་ཨིནམ་ད་ མི་སྡེ་ཚུ་ནང་ འཆོལ་ནད་བཀག་ཐབས་ཀྱི་ གོ་བརྡ་ཚུ་སྤེལ་བའི་ཁར་ ཟུར་སྡོད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིནམ་ད་ ས་གནས་ནང་གི་ རོ་ཁྱི་དང་བྱི་ལི་ཚུ་ འཆོལ་ནད་བཀག་ཐབས་ཀྱི་ སྨན་ཁབ་བཙུགས་ཡོདཔ་མ་ཚད་ རོ་ཁྱི་ཤི་མི་དེ་ ས་དོང་ནང་བཙུགས་ཡི་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ ཚེ་རིང་འབྲུག་པ་གིས་ སླབ་མིའི་ནང་ སྤྱང་ཁྱི་དེ་གིས་ ས་གནས་ནང་ཡོད་པའི་རོ་ཁྱི་ཚུ་ལུ་ འཆོལ་ནད་མི་སྤེལ་ག་ཟེར་བའི་ ཚ་གྱང་ལང་ཡི་ཟེར་ཨིནམ་ད་ སྤྱང་ཁྱི་དེ་གིས་ སྐྱེས་ལོ་༡༠ལང་མི་ ཨ་ལོ་ཅིག་ལུ་ སོ་བཏབ་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྫོང་ཁག་སྒོ་ནོར་འགོ་དཔོན་ཚུ་གིས་ འཆོལ་ནད་བཀག་ཐབས་ཀྱི་ལས་རིམ་ལུ་ རྒྱབ་སྐྱོར་འབད་འོང་མནོ་བའི་རེ་བ་ཡོད་ཟེ་ར་ཨིན་པས།
རྫོང་ཁག་སྒོ་ནོར་འགོ་དཔོན་ཚུ་གིས་ རོ་ཁྱི་གིས་ སོ་བཏབ་མི་༤ པོ་ཆ་ར་ སྨན་ཁང་ནང་ འགྱོ་དགོ་པའི་ཁ་བཀོད་དང་ སྨན་ཁབ་ཚུ་བཙུགས་དགོ་པའི་སྐོར་ལས་ སླབ་སྟེ་ཡོདཔ་ཨིན་པས།
འཆོལ་ནད་དེ་ འཕྲལ་ཁམས་ཅིག་ཁར་ཐོན་ཡོདཔ་ལས་ རྫོང་ཁག་སྒོ་ནོར་འགོ་དཔོན་ཚུ་གིས་ བཀག་ཐབས་ཀྱི་ཐབས་ལམ་ཚུ་ བཏོན་ཡོདཔ་བཞིན་དུ་ མི་མང་ལུ་ གོ་བརྡ་ཚུ་སྤེལ་ཡོདཔ་ཨིན་པས།
རྫོང་ཁག་སྒོ་ནོར་འགོ་དཔོན་ཚུ་གིས་ འཕྲལ་འཕྲལ་ར་ ས་གནས་ཚུ་ནང་ བརྟག་ཞིབ་འབད་དོ་ཡོདཔ་བཞིན་དུ་ མི་སྡེ་ཚུ་གི་ ཉེན་སྲུང་དོན་ལུ་ ཉིན་གྲངས་༢༡ གི་རིང་ ལྟ་རྟོག་ཚུ་འབད་ནི་ཨིན་པའི་གནས་ཚུལ།

འདེམས་ངོ་ཚུ་གིས་ གྲོང་གསེབ་ནང་ དགོས་མཁོ་ཆེ་བའི་ གནད་དོན་ལུ་ ཁས་བླངས་འབད་ཡོདཔ།༉ ལྷུན་རྩེ་ སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི...
31/12/2023

འདེམས་ངོ་ཚུ་གིས་ གྲོང་གསེབ་ནང་ དགོས་མཁོ་ཆེ་བའི་ གནད་དོན་ལུ་ ཁས་བླངས་འབད་ཡོདཔ།

༉ ལྷུན་རྩེ་ སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི་ འདེམས་ངོ་གཉིས་ཀྱིས་ ཟླ་བ་ཞིང་གཡུས་ཚན་ བམ་བིར་གཡུ་རུང་སྤྱི་འོག་ནང་ སྤྱིར་སྙོམས་འཛོམས་འདུ་ འཚོགས་པའི་སྐབས་ལུ་ གྲོང་གསེབ་ཀྱི་ མི་ཚེའི་གནས་སྟངས་དེ་ ཡར་དྲག་བཏང་དགོཔ་ ལེ་ཤ་ཡོདཔ་སྦེ་ ཁས་བླངས་འབད་ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཡེ་ཤེས་རྡོ་རྗེ་དང་ བྷུ་ཊན་རྟེན་འབྲེལ་ཚོགས་པའི་འདེམས་ངོ་ བསྟན་པ་རྡོ་རྗེ་གིས་ གྲོང་གསེབ་ཀྱི་ ཚེ་སྲོག་ཉེན་བཅོལ་གྱི་ཐོབ་ལམ་ ད་ལྟོ་ དངུལ་ཀྲམ་༣༠,༠༠༠ འབད་མི་དེ་ དངུལ་ཀྲམ་༡༥༠,༠༠༠ ལུ་ ཡར་སེང་འབད་ནི་ཨིན་ཟེར་ ཁས་བླངས་འབད་བའི་ཁར་ ཁོང་གིས་འབད་བ་ཅིན་ མི་སེར་ཚུ་ རང་སོའི་ཉེ་ཚན་ཚུ་ ཚེ་ལས་འདས་ཏེ་འབདཝ་ད་ འདི་དང་འབྲེལ་བའི་ ཆོས་ཕྱོགས་ཀྱི་ སྐུ་རིམ་ཚུ་ ལེ་ཤ་ར་ སྒྲུབ་དགོཔ་འདུག་ཟེར་ཨིན་པས།
སྨན་སྦིས་བཙན་མཁར་ལུ་ མི་དང་ རི་དྭགས་སེམས་ཅན་གྱི་བར་ན་ བྲེལ་ཟིང་ཚུ་བྱུང་སྟེ་ར་ཡོདཔ་ལས་ ལྕགས་ར་རྐྱབ་ནི་ཨིན་ལུགས་ཚུ་བཤད་པའི་ཁར་ གཞན་དང་གཞན་ཡང་ དགེ་ཟམ་ཆུ་ལས་ ཨའུ་མཚོ་ཚུན་ ཕྲང་ལམ་བཟོ་ནི་དང་ ཞིང་ཆུའི་གཡུར་བ་ལེགས་བཅོས་འབད་ནི་ འཐུང་ཆུ་གཙང་སྦྲ་དང་ལྡནམ་སྦེ་བཏོན་ནི་ སློབ་གྲྭའི་མཐུན་རྐྱེན་ཡར་དྲག་བཏང་ནི་ དེ་ལས་ སོ་ནམ་ཞིང་ལམ་གསརཔ་བསལ་ནི་ཚུ་ འབད་ནི་ཨིན་ཟེར་ཨིན་པས།
འདི་བཟུམ་གྱི་ རང་སོའི་ དམིགས་ཡུལ་ཁས་བླངས་ཚུ་ གསལ་བཤད་འབདཝ་ད་ འདེམས་ངོ་རང་སོ་གིས་ ཁས་བླངས་མ་འདྲཝ་ཚུ་ འབད་ཡོདཔ་ཨིན་པས།
བློན་པོ་བགྲེསཔ་ ཡེ་ཤེས་རྡོ་རྗེ་གིས་ ཁས་བླངས་འབད་མི་ནང་ མི་སེར་ཚུ་ལུ་ འཕྲུལ་གླང་པ་ཝར་ཊི་ལར་ ཉོ་ནིའི་དོན་ལུ་ སྐྱེད་མེད་པའི་ སྐྱིན་འགྲུལ་ཚུ་ བྱིན་ནི་ཨིན་ཟེར་ཨིནམ་ད་ འདི་དང་གཅིག་ཁར་ ཨོམ་བཞོ་ནིའི་ ཛར་སི་བ་ཚུ་ཡང་ ཡོད་ཟེར་ཨིན་པས།
ཁྱིམ་གྱི་སྐྱིན་འགྲུལ་ལེན་མི་ཚུ་ལུ་ སྐྱེད་བརྒྱ་ཆ་༤ ལུ་ མར་ཕབ་འབད་ནི་དང་ ཨིན་ཊར་ནེཊ་གི་ ཌ་ཊ་གི་འཐུས་ཚུ་ཡང་ བརྒྱ་ཆ་༥༠ མར་ཕབ་འབད་ནི་ཨིན་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བགྲེསཔ་ བསྟན་པ་རྡོ་རྗེ་གིས་ བཤད་མིའི་ནང་ སྐྱེས་ལོ་༦༥ ཡན་ཆད་འབད་མི་ ཟུར་ཕོགས་མ་ཐོབ་མི་ཚུ་ལུ་ ཕ་མའི་དྲིན་ལན་ཟུར་ཕོགས་བྱིན་ནི་ཨིན་ཟེར་ཨིནམ་ད་ ད་རུང་ མི་ཁུངས་སོ་སོ་ཚུ་ལུ་ འཇམ་སྐྱོང་ཚུ་ཡང་ བྱིན་ནི་ཨིན་ཟེར་ཨིན་པས།
གཡུས་མི་ཚུ་ལུ་ གནོད་སྐྱོན་བྱུང་སྟེ་ཡོད་པའི་ བྱ་སྟབས་མ་བདེཝ་ཡོད་མི་ཚུ་ཡང་ སེལ་ཐབས་འབད་ནི་ཨིན་ཟེར་ཨིན་པས།
འདེམས་ངོ་གཉིས་ཆ་ར་གིས་ རྒྱལ་ཁབ་ནང་ དགོས་མཁོ་ཡོད་པའི་ ཁས་བླངས་ཚུ་འབད་ཡོདཔ་ལས་ བསྟན་པ་རྡོ་རྗེ་གིས་ ཨ་ལོ་གསརཔ་སྐྱེས་མི་ཚུ་ལུ་ ལོ་བསྟར་གྱི་འཐུས་ དངུལ་ཀྲམ་༡༥,༠༠༠ རེ་ ལོ་བསྟར་བཞིན་དུ་ བྱིན་ནི་ཟེར་ཨིནམ་ད་ ཡེ་ཤེས་རྡོ་རྗེ་གིས་ འབད་བ་ཅིན་ ཨ་ལོ་གཉིས་སྐྱེས་བའི་ཤུལ་ལུ་ གལ་སྲིད་ ཨ་ལོ་སྐྱེས་བ་ཅིན་ ལོ་གསུམ་གྱི་རིང་ ཟླ་རིམ་བཞིན་དུ་ འཐུས་དངུལ་ཀྲམ་༡༠,༠༠༠ རེ་ བྱིན་ནི་ཨིན་ཟེར་ཨིན་པས།
སྨན་སྦིས་བཙན་མཁར་གྱི་ འདེམས་ཁོངས་འོག་ལུ་ རྒྱ་རེ་ སྨན་སྦིས་ སྨད་མཚོ་ དེ་ལས་ བཙན་མཁར་རྒེད་འོག་ཚུ་ ཚུད་དོ་ཡོདཔ་ད་ དེ་ཁར་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་༩,༢༧༧ ཡོདཔ་ལས་ དེ་ཁར་ གདོང་ལེན་སྦོམ་ཤོས་དེ་ མི་དང་ རི་དྭགས་སེམས་ཅན་གྱི་ བྲེལ་ཟིང་དེ་ཨིནམ་མ་ཚད་ འཁོར་ལམ་ལེགས་ཤོམ་དགོཔ་ཡོད་ཟེར་ ཚོགས་པ་ ཚེ་དབང་བསྟན་འཛིན་གྱིས་ བཤདཔ་ཨིན་པས།
འདེམས་ངོ་ཚུ་གིས་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ ད་ལྟོ་ འབད་བའི་བསྒང་ཡོད་མི་ བཙག་འཐུའི་ཚོགས་རྒྱན་གྱི་ཉིནམ་ལུ་ རང་སོའི་ གདམ་ཁ་ཚུ་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་ཞིནམ་ལས་ བཙུགས་དགོ་པའི་ དྲན་བསྐུལ་འབད་ཡོད་པའི་གནས་ཚུལ།
ཚེ་རིང་དབང་འདུས།

ར་ལྡི་-སག་སྟེང་གི་ འདེམས་ངོ་༢ ཀྱིས་ ཁོང་རའི་ མཁས་མཆོག་ཚུ་དང་བསྟུན་པའི་ ཁས་བླངས་འབད་ཡོདཔ།༉ བཀྲིས་སྒང་རྫོང་ཁག་ ར་ལྡི་-སག་ས...
31/12/2023

ར་ལྡི་-སག་སྟེང་གི་ འདེམས་ངོ་༢ ཀྱིས་ ཁོང་རའི་ མཁས་མཆོག་ཚུ་དང་བསྟུན་པའི་ ཁས་བླངས་འབད་ཡོདཔ།

༉ བཀྲིས་སྒང་རྫོང་ཁག་ ར་ལྡི་-སག་སྟེང་འདེམས་ཁོངས་ཀྱི་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་༢ ཀྱིས་ སྤྱིར་སྙོམས་འཛོམས་འདུའི་ནང་ ནུས་ཤུགས་དང་ སོ་ནམ་ ལྟ་བཤལ་ ཤེས་རིག་ དེ་ལས་ གཞི་རྟེན་མཁོ་ཆས་ལ་སོགས་པ་ཚུ་ བསྒྲུབ་ནིའི་ཁས་བླངས་འབད་ཡི།
འདེམས་ངོ་༢ ཆ་ར་གིས་ སྤྱིར་སྙོམས་འཛོམས་འདུ་ ག་ཏེ་འགོ་འདྲེན་འཐབ་སར་ ཁོང་རའི་ མཁས་མཆོག་དང་ ཉམས་མྱོང་དང་བསྟུན་པའི་ ཁས་བླངས་ཚུ་འབདཝ་ཨིན་པས།
དཔེ་འབད་བ་ཅིན་ བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་འདེམས་ངོ་ ས་ཁམས་མཁས་མཆོག་ བཀྲིས་བསྟན་འཛིན་གྱིས་ སླབ་མིའི་ནང་ ཁོ་རའི་ཚོགས་པ་གིས་ དཔལ་འབྱོར་གྱི་རྒྱུ་ནོར་༥ སོ་ནམ་དང་ ལྟ་བཤལ་ གཞི་རྟེན་མཁོ་ཆས་ ནུས་ཤུགས་ ས་གཏེར་དང་རྡོ་གཏེར་ལ་སོགས་པ་ལུ་ གཙོ་རིམ་བཟུང་སྟེ་ བཟའ་ཚང་གི་འོང་འབབ་ ཡར་སེང་འབད་ནི་ཟེར་ཨིན་པས།
ད་ལྟོའི་གནས་སྟངས་ནང་ འོང་འབབ་བཟོ་མི་ལས་ ཟད་འགྲོ་གཏང་ནི་མང་སུ་ཅིག་འདུག་ཟེར་ འདེམས་ངོ་བཀྲིས་བསྟན་འཛིན་གྱིས་བཤད་པའི་ཁར་ ག་དེམ་ཅིག་སྦེ་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་ བཙག་འཐུ་འགྲུབ་པ་ཅིན་ ས་གཏེར་ལས་འགུལ་འགོ་བཙུགས་ཏེ་ བཟའ་ཚང་གི་འོང་འབབ་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༣ ལུ་ ཡར་སེང་འབད་ནི་ཟེར་ཨིནམ་ད་ བགོ་བཤའ་བྱིན་ནི་དང་ བགོ་བཤའ་ཉོ་མ་ཚུགས་མི་ཚུ་ལུ་ སྐྱིན་འགྲུལ་བྱིན་ཐོག་ལས་ ཉོ་བཅུག་ནི་ཨིན་ཟེར་ཨིན་པས།
བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་འདེམས་ངོ་གིས་ སྒམ་རི་གློག་མེ་ལས་འགུལ་གཞི་བཙུགས་དང་ ས་གཏེར་དང་འབྲེལ་བའི་ལས་འགུལ་བཙུགས་ནི་ འཁོར་ལམ་ལེགས་བཅོས་དང་ རྩི་ནག་གཏང་ནི་ དེ་ལས་ རང་བྱུང་ལུ་ ས་སྣུམ་བླུག་ས་ཅིག་ གཞི་བཙུགས་འབད་ནི་ཨིན་ཟེར་ ཁས་བླངས་འབདཝ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཞིང་ཆུའི་དཀའ་ངལ་དང་ ས་ཞིང་འཛིན་སྐྱོང་ ས་ཁ་མཐོ་སར་སྡོད་མི་ཚུ་གི་དོན་ལུ་ ཐོན་སྐྱེད་བཟོ་སྦྱོར་ཁང་དང་ སོ་ནམ་འཕྲུལ་ཆས་ བསིལ་མཛོད་ཁང་ཅིག་ གཞི་བཙུགས་ནི་ཟེར་ཨིནམ་ད་ སློབ་གྲྭ་ནང་ དེང་སང་དང་བསྟུན་པའི་ བྱང་ཤིང་དང་མཐུན་རྐྱེན་ དེ་ལས་ ལྟོ་ཐོབ་ཀྱི་སློབ་གྲྭ་ཚུ་ གཞི་བཙུགས་འབད་ནི་ཟེར་ཨིན་པས།
བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ ཨ་ལོའི་འཐུས་དངུལ་ཀྲམ་༡༥,༠༠༠རེ་ སྐྱེས་ལོ་༡༨ མ་ལང་ཚུན་བྱིན་ནི་ཟེར་ཨིནམ་ད་ རྒན་ཤོས་སྐྱེས་ལོ་༦༥ ཡན་ཆད་འབད་མི་ཚུ་ལུ་ ཕ་མའི་ཞབས་ཏོག་སྦེ་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༣,༠༠༠རེ་ བྱིན་ནི་ཨིནམ་མ་ཚད་ དབང་པོ་ལུ་ ཐོ་ཕོག་མི་ཚུ་ལུ་ འཐུས་དངུལ་ཀྲམ་༣,༠༠༠རེ་ བྱིན་ནི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཚེ་སྲོག་ཉེན་བཅོལ་དངུལ་ཀྲམ་༡༥༠,༠༠༠གུ་ ཡར་སེང་འབད་ནི་ཨིན་པའི་ ཁས་བླངས་འབདཝ་ཨིན་པས།
བཀྲིས་བསྟན་འཛིན་གྱིས་ ད་ལྟོའི་བཙག་འཐུ་དེ་ ཚོགས་པ་༢ དང་ འདེམས་ངོ་༢ ཀྱི་བར་ན་འབདཝ་ལས་ གཞུང་དང་འདེམས་ངོ་ ལྷག་བསམ་རྣམ་དག་ཡོད་མི་ཅིག་ གདམ་ཁ་རྐྱབ་དགོ་ཟེར་ཨིནམ་ད་ ཏི་རུ་དང་ ནང་གསུག་གི་དབང་དུ་ཐལ་ནི་མི་འོང་ཟེར་ ཁས་བླངས་གསལ་བསྒྲགས་ཉན་པར་ འོང་མི་ཚུ་ལུ་བཤདཔ་ཨིན་པས།
སློབ་གྲྭ་ལྟེ་བའི་ སྲིད་བྱུས་བསྐྱར་ཞིབ་འབད་དེ་ སློབ་གྲྭ་གཞི་བཙུགས་དང་ སྤྱི་འོག་སློབ་གྲྭ་ ལོག་འགོ་བཙུགས་ནི་ སྒོ་ནོར་སེམས་ཅན་གྱི་ཆག་དང་ སོ་ནམ་པའི་དོན་ལུ་ ལུད་བཟོ་སྦྱོར་ཁང་ དེ་ལས་ དཔལ་འབྱོར་ལྷན་ཐབས་འབད་ནིའི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡༥ ལག་ལེན་ཐོག་ལས་ ལྟ་བཤལ་ཡར་དྲག་གཏང་ནི་ཚུ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་བསོད་ནམས་དབང་ཕྱུག་གི་ ཁས་བླངས་གཙོ་རིམ་ཅིག་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ བསོད་ནམས་དབང་ཕྱུག་གིས་ ཁས་བླངས་འབད་མིའི་ནང་ བཀྲིས་སྒང་དང་ རང་བྱུང་གི་བར་ན་ ལམ་རྒྱ་སྐྱེད་འབད་ནི་དང་ རང་བྱུང་ལས་ཕོངས་མེད་ཚུན་ འཁོར་ལམ་ལེགས་བཅོས་འབད་ནི་ དེ་ལས་ སྒམ་རི་གློག་མེ་ལས་འགུལ་གཞི་བཙུགས་འབད་ནི་ ལྟ་བཤལ་ཡར་དྲག་གཏང་ནི་ དེ་ལས་ སྐྱིན་འགྲུལ་གྱི་སྐྱེད་བརྒྱ་ཆ་༤ བྱིན་ནི་ཨིན་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ སོ་ནམ་པ་ཚུ་ འཕྲུལ་ཆས་ཉོ་ནིའི་དོན་ལུ་ སྐྱིན་འགྲུལ་དང་ ས་ཞིང་འཛིན་སྐྱོང་ ཞིང་ཆུའི་དཀའ་ངལ་ཡོདཔ་ལས་ ཞིང་ཆུའི་དཀའ་ངལ་སེལ་ཐབས་ནི་ དེ་ལས་ རི་དྭགས་སེམས་ཅན་ཚུ་ལས་ ལོ་ཐོག་བསྲུང་ནིའི་དོན་ལུ་ ལྕགས་སྐུད་དྲྭ་མིག་ར་བ་ཚུ་ བྱིན་ནི་ཨིན་ཟེར་ཨིན་པས།
འདེམས་ངོ་བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་ར་ ས་གནས་གཞུང་ནང་ ལཱ་འབད་ཡོད་པའི་ཉམས་མྱོང་ཡོདཔ་ལས་ མི་སེར་གྱི་དཀའ་ངལ་ཚུ་ ག་ཅི་ཡོདཔ་ཨིན་ན་ ཁོ་གིས་ ལེགས་ཤོམ་སྦེ་ར་ཤེས་ཟེར་ཨིནམ་ད་ འདེམས་ངོ་ག་གིས་ གཞུང་དང་རྩ་བ་གསུམ་ལུ་ ཕྱག་ཕྱིད་ཞུ་ཚུགས་ནི་ཨིན་པས་ག་ མནོ་བསམ་ལེགས་ཤོམ་བཏང་སྟེ་ ཚོགས་རྒྱན་བཙུགས་གནང་ཟེར་ཨིན་པས།
སྐྱེས་ལོ་༥༠ལང་མི་ འདེམས་ངོ་གིས་འབད་བ་ཅིན་ ལྕོགས་གྲུབ་ཡོད་པའི་འདེམས་ངོ་ བཙག་འཐུ་འབད་དགོ་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ ཁོ་བཙག་འཐུ་འགྲུབ་པ་ཅིན་ འཁོར་ལམ་ཚུ་ ལེགས་བཅོས་འབད་ནི་དང་ ཆོས་དང་ལམ་སྲོལ་ལུ་ཡང་ གཙོ་རིམ་བཟུང་ནི་ཨིན་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ ས་ཞིང་འཛིན་སྐྱོང་དང་ འཕྲུལ་གླང་པ་ཝར་ཊི་ལར་ དེ་ལས་ ས་གནས་གཞུང་ལུ་ མ་དངུལ་ལངམ་སྦེ་བྱིན་ནི་ མི་སྟོབས་ཀྱི་རྒྱབ་སྐྱོར་འབད་འོང་ཟེར་ཨིནམ་ད་ ར་ལྡི་རྒེད་འོག་སྨན་ཁང་གི་དོན་ལུ་ བྱམས་བརྩེ་ཅན་གྱི་དྲུང་འཚོ་ཅིག་ བྱིན་འོང་ཟེར་ཨིན་པས།
འདེམས་ངོ་༢ ཆ་ར་གིས་ སྒམ་རི་གློག་མེ་ལས་འགུལ་དང་ བཀྲིས་སྒང་ལས་རང་བྱུང་བར་ནའི་གཞུང་ལམ་རྒྱ་སྐྱེད་ ལྟ་བཤལ་གོང་འཕེལ་ ས་སྣུམ་བླུག་ས་ ལྕགས་སྐུད་དྲྭ་མིག་ར་བ་ ས་ཞིང་འཛིན་སྐྱོང་ དེ་ལས་ ཞིང་ཆུ་བཏོན་ནི་ཚུ་ ཁས་བླངས་ཆ་མཚུངས་འབད་ཡོདཔ་ཨིན་པས།
ར་ལྡི་-སག་སྟེང་འདེམས་ཁོངས་ཀྱི་ རྒེད་འོག་༤ ནང་ ཚོགས་རྒྱན་བཙུགས་ནིའི་ ཁྱད་ཚད་ལྡན་མི་༡༡,༠༣༩ དེ་ཅིག་ ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།ར་ལྡི།

བདེ་བ་ཐང་-སྒོམ་དར་འདེམས་ངོ་༢ ཀྱི་ ཁས་བླངས་ལུ་བརྟེན་ ཚོགས་རྒྱན་བཙུགས་མི་ཚུ་ མགུ་འཐོམ་ཡོདཔ།༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བ...
31/12/2023

བདེ་བ་ཐང་-སྒོམ་དར་འདེམས་ངོ་༢ ཀྱི་ ཁས་བླངས་ལུ་བརྟེན་ ཚོགས་རྒྱན་བཙུགས་མི་ཚུ་ མགུ་འཐོམ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བདེ་བ་ཐང་དང་ སྒོམ་དར་འདེམས་ཁོངས་ཀྱི་ སྤྱིར་སྙོམས་འཛོམས་འདུ་མཇུག་ འགོ་འདྲེན་འཐབ་མིའི་ནང་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་༢ ཀྱིས་ ཁས་བླངས་འབད་མི་ཚུ་ ཧ་ལམ་ཆ་འདྲཝ་སྦེ་ཡོད་མི་ལུ་བརྟེན་ ཚོགས་རྒྱན་བཙུགས་མི་དག་པ་ཅིག་ ག་ལུ་རྒྱབ་སྐྱོར་འབད་ནི་ཨིན་ན་ སེམས་ཐག་བཏོག་མ་ཚུགས་པར་ ཁྱིམ་ནང་ལོག་འགྱོ་སར་ མཐོང་གསལ་བྱུང་ཡི།
མགུ་འཐོམ་བྱུང་མི་༡ བདེ་བ་ཐང་རྒེད་འོག་ མར་ཏང་གཡུས་ཚན་ལས་ སྐྱེས་ལོ་༦༠ལང་མི་ ཨམ་སྲུ་དེ་ཨིནམ་ད་ མོ་གིས་འབད་བ་ཅིན་ འདེམས་ངོ་གཉིས་ཆ་ར་གིས་ སློབ་གྲྭ་གཞི་བཙུགས་དང་ སོ་ནམ་ཞིང་ལམ་ཚུ་ ལེགས་བཅོས་འབད་ནི་ སོ་ནམ་ཐོན་སྐྱེད་ཡར་སེང་འབད་ནི་ དེ་ལས་ དཔལ་འབྱོར་ཡར་དྲག་གཏང་ནི་སྐོར་ལས་ ཁས་བླངས་འབད་མི་ཚུ་ ཅོག་ར་འཐད་པས་ཟེར་ཨིན་པས།
དེ་འབདཝ་ལས་ འདེམས་ངོ་ག་ལུ་ ཆ་བཞག་ནི་ཨིན་ན་ ཐག་བཅད་མ་ཚུགས་པར་ མགུ་འཐོམ་བྱུངམ་ལས་ ཁྱིམ་ནང་ལོག་ལྷོདཔ་ད་ མོ་རའི་རྨགཔ་དང་གཅིག་ཁར་ གྲོས་བསྟུན་འབད་ཞིནམ་ལས་ སྤྱི་ཟླ་༡ པའི་ཚེས་༩ ལུ་ ཚོགས་རྒྱན་གྱི་ཉིན་མར་ རང་དབང་བསྟར་སྤྱོད་འབད་འོང་ཟེར་ ཨ་ལོ་༨ ཀྱི་ཨའི་དེ་གིས་ བཤདཔ་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༢༧ ལུ་ སྤྱིར་སྙོམས་འཛོམས་འདུ་ནང་ བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་འདེམས་ངོ་ ཚེ་རིང་དཔལ་འབྱོར་གྱིས་ དང་པ་ར་ སློབ་གྲྭ་ལྟེ་བའི་ གནད་དོན་སྐོར་ལས་ དོགས་སེལ་འབད་ནིའི་ གོ་སྐབས་ལེན་མི་དེ་ཡང་ མི་སེར་དམངས་གཙོ་ཚོགས་པ་གིས་ སློབ་གྲྭ་ལྟེ་བ་ཚུ་ནང་ བཀབ་གོ་ལ་དང་ གདན་མལ་ཆ་ལས་འགོ་བཙུགས་ མཐུན་རྐྱེན་ཆ་ཚང་སྟོང་པ་མཁོ་སྤྲོད་འབད་ནི་དང་ སྤྱི་འོག་རེ་ལུ་ སློབ་གྲྭ་རེ་ གཞི་བཙུགས་ཀྱི་ ཁས་བླངས་འབད་མི་ཚུ་ འོས་འབབ་ལྡན་ཏོག་ཏོ་སྦེ་ མ་མཐོང་ནི་དེ་གིས་ཨིན་པས།
འདེམས་ངོ་གིས་འབད་བ་ཅིན་ དེ་བཟུམ་མའི་ ཐབས་ལམ་སྒྲིགས་མི་དེ་གིས་ མ་དངུལ་གྱི་ཐད་ལུ་ ཡུན་བརྟན་མི་འོང་ནི་དང་ རྒྱལ་ཁབ་ཀྱི་བུ་ལོན་ ཧེང་སྐལ་ར་ ཡར་སེང་འགྱོ་འོང་ཟེར་ཨིནམ་ད་ སློབ་གྲྭ་ལྟེ་བ་ཚུ་ནང་ མཐུན་རྐྱེན་ཚུ་ རིན་མེད་སྟོང་པ་སྦེ་ མཁོ་སྤྲོད་འབད་བ་ཅིན་ སློབ་ཕྲུག་ཚུ་ རང་སོའི་བདག་དབང་གི་ འགན་ཁུར་འབག་ནི་མེདཔ་ འགྱོ་ནི་དང་ གཞུང་གི་སྤྱི་མཛོད་ལུ་ ཐོ་སྦོམ་སྦེ་ ཕོག་འོང་ཟེར་ ཚེ་རིང་དཔལ་འབྱོར་གྱིས་ དོགས་སེལ་འབད་ཡི།
ཤེས་རིག་གི་ ལག་ལེན་ལམ་སྟོན་དང་འཁྲིལཝ་ད་ སློབ་གྲྭ་ལས་ མི་ཊར་༢༠༠ནང་འཁོད་ལུ་སྡོད་མི་ སློབ་ཕྲུག་ཚུ་ ཕྱི་སྡོད་ཐོག་ལས་ ཤེས་ཡོན་སྦྱང་དགོཔ་ལས་ མཐུན་རྐྱེན་གཞན་མ་ཐོབ་སྦེ་ཡོད་རུང་ མི་སེར་དམངས་གཙོ་ཚོགས་པ་གིས་ མཐུན་རྐྱེན་ཚུ་ སྟོང་པར་བྱིན་ནི་དང་འབྲེལ་ སྤྱི་འོག་རེ་ལུ་ ཨ་ལོ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་རེ་དང་ རྒྱ་སྐྱེད་སློབ་ཁང་རེ་ གཞི་བཙུགས་ཀྱི་ ཁས་བླངས་འབད་མི་ཚུ་ སྒྲིག་གཞི་དང་ ལམ་སྟོན་ཚུ་ལས་ རྒྱབ་འགལ་འགྱོ་དོ་བཟུམ་སྦེ་ མཐོངམ་མས་ཟེར་ བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་ འདེམས་ངོ་གིས་ གསལ་བཤད་འབད་ཡི།
ཁོ་གིས་འབད་བ་ཅིན་ སློབ་གྲྭ་ལྟེ་བའི་ ཐབས་བྱུས་དེ་ ཡུན་བརྟན་མེད་པའི་ཁར་ ཟད་འགྲོ་ལྕི་དྲགས་མི་ལུ་བརྟེན་ སྤྱི་ལོ་༢༠༡༩ ཟླཝ་༡ པའི་ནང་འཚོགས་མི་ ལོ་བསྟར་ཤེས་རིག་ཞལ་འཛོམས་ནང་ མཚམས་འཇོག་འབད་ཡི་ཟེར་ཨིན་པས།
དེ་ལས་ བདེ་བ་ཐང་རྒེད་འོག་ནང་ བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་ ཁས་བླངས་སྐོར་ལས་ གསལ་བཤད་འབདཝ་དང་འབྲེལ་ ཚེ་རིང་དཔལ་འབྱོར་གྱིས་ རི་ཤོར་སློབ་གྲྭ་ཆུང་བ་དེ་ ལོག་སྒོ་ཕྱེ་ནི་དང་ མི་རློབས་ཡོད་སའི་ གཡུས་ཚན་ཚུ་ནང་ ནང་སྡོད་སློབ་གྲྭ་དང་ གཞི་རྟེན་མཐུན་རྐྱེན་ཚུ་བཙུགས་ནི་ སྤྱི་འོག་གི་འཁོར་ལམ་ རྩི་ནག་གཏང་ནི་ བདེ་བ་ཐང་དང་ བསམ་གྲུབ་ཆོས་གླིང་དྲུང་ཁག་གཞུང་ལམ་གུ་ རྩི་ནག་གཏང་ནིའི་ ལཱ་མཇུག་བསྡུ་ནི་ ཀི་ལི་མི་ཊར་༦ འབད་མི་ སུ་ཟུང་-ཨོ་རོང་-ང་ལང་འཁོར་ལམ་མཐུད་སྦྲེལ་འབད་ནི་ དེ་ལས་ བདེ་བ་ཐང་-ངང་ལམ་གཞུང་ལམ་བསལ་ནིའི་ལཱ་ ག་དེ་མགྱོགས་མགྱོགས་ འགོ་བཙུགས་ནི་སྦེ་ ཁས་བླངས་འབད་ཡི།
བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ ཚོང་འབྲེལ་འགོ་བཙུགས་ལྟེ་བ་ཅིག་ གཞི་བཙུགས་འབད་ནི་དང་ མར་ཏང་དང་ རི་ཤོར་སྤྱི་འོག་ནང་སྡོད་མི་ཚུ་ སྤོ་བཤུད་འབད་ནི་ གྲོང་གསེབ་ཚུ་ནང་ ལཱ་འབད་མི་མེད་པའི་ དཀའ་ངལ་སེལ་ཐབས་ལུ་ གནས་སྐབས་ཅིག་ ཕྱིའི་ལས་མི་ནང་འདྲེན་འབད་ནི་ལུ་ ལྷན་ཐབས་འབད་འོང་ཟེར་ ཚེ་རིང་དཔལ་འབྱོར་གྱིས་ བཤད་ཅི།
ཁོང་གི་ཁས་བླངས་དང་ ཐབས་བྱུས་ཚུ་ དགེ་ལེགས་ཕུག་ཁྲོམ་སྡེ་གོང་འཕེལ་ལས་འགུལ་དང་ ཧ་ལམ་ཆ་མཐུནམ་སྦེ་ཡོད་པའི་ཁར་ ཚོགས་པའི་ནང་ གཞུང་སྐྱོང་གི་ འགན་ཁུར་འབག་ཚུགས་པའི་ ཉམས་མྱོང་ཅན་དང་ ལྕོགས་གྲུབ་ཡོད་མི་ འདེམས་ངོ་ཙང་ཙ་ཡོདཔ་ལས་ མི་སེར་ཚུ་གིས་འབད་རུང་ ང་བཅས་ཀྱི་ ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ཏེ་ རྒྱབ་སྐྱོར་འབད་གནང་ཟེར་ ཁོ་གིས་ གསལ་ཞུ་འབད་ཡི།
དེ་འབདཝ་ད་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སྐལ་བཟང་ཕུན་ཚོགས་ཀྱིས་ གཙོ་བོ་ར་ གཞུང་དང་ལྡོག་ཕྱོགས་གདམ་ཁ་རྐྱབ་ཐངས་ཀྱི་སྐོར་ལས་ བཤད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ འགོ་ཐོག་བཙག་འཐུའི་སྐབས མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་ཡོངས་བསྡོམས་༡༣༣,༢༡༧ དང་ འདེམས་ཁྲི་༣༩ ཐོབ་མི་དེ་ མཐོ་ཤོས་ཨིནམ་ལས་ གྲུབ་འབྲས་དེ་གིས་ སྤྱིར་བཏང་བཙག་འཐུ་ནང་ གཞུང་སྐྱོང་འཐོབ་ནི་གི་ བརྡ་མཚོན་སྟོནམ་བཞིན་དུ་ སྲིད་ཚོགས་ཕམ་མི་༢ བསྡོམས་ཏེ་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་རུང་ མི་སེར་དམངས་གཙོ་ཚོགས་པ་ལུ་ དོ་འགྲན་འབད་མི་ཚུགས་ནི་བཟུམ་ མཐོངམ་མས་ཟེར་ཨིན་པས།
དེ་འབདཝ་ལས་ མི་སེར་ཚུ་གིས་འབད་རུང་ ལྡོག་ཕྱོགས་ལུ་མེན་པར་ གཞུང་སྐྱོང་ལུ་ རྒྱབ་སྐྱོར་འབད་དགོཔ་ ཁག་ཆེ་མི་དེ་ཡང་ ད་རེས་ ཁས་བླངས་འབད་མི་ཚུ་ གཞུང་སྐྱོང་རྐྱངམ་གཅིག་གིས་ འགྲུབ་ཚུགས་ཟེར་ བཤད་པའི་ཁར་ གལ་སྲིད་ ལྡོག་ཕྱོགས་ལུ་ རྒྱབ་སྐྱོར་འབད་བ་ཅིན་ གོ་སྐབས་དང་ ཁེ་ཕན་ཚུ་ འཐོབ་མི་ཚུགས་ཟེར་ དྲན་གསོ་འབད་ཡི།
འདེམས་ངོ་གིས་འབད་བ་ཅིན་ ད་རིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་སྐྱོ་དྲགས་ཐལ་མི་དེ་ ཡར་དྲག་གཏང་ནིའི་འགན་ཁུར་ མི་སེར་དམངས་གཙོ་ཚོགས་པ་གིས་ འབག་ཚུགས་ནི་གི་ འོས་འབབ་སྦོམ་ཡོད་མི་དེ་ཡང་ ཚོགས་པའི་འདེམས་ངོ་སྦེ་ བློན་ཆེན་བགྲེསཔ་མ་བརྩིས་བར་ བློན་པོ་བགྲེསཔ་༧ ཡོད་ཟེར་ཨིན་པས།
ཚོགས་པའི་འདེམས་ངོ་གིས་ བདེ་བ་ཐང་ལུ་ སློབ་གྲྭ་ལྟེ་བ་༡ དང་ རི་ཤོར་དང་མར་ཏང་ལུ་ སྤྱི་འོག་སློབ་གྲྭ་རེ་ གཞི་བཙུགས་འབད་ནི་ གཞི་རྟེན་ཁང་ཚུ་ ཡར་དྲག་གཏང་ནི་ ཁྱིམ་རྐྱབ་ནིའི་སྐྱིན་འགྲུལ་གྱི་ སྐྱེད་ཚད་མར་ཕབ་རྐྱབ་ནི་ གྲོང་གསེབ་ཚེ་སྲོག་ཉེན་བཅོལ་གྱི་ཐོབ་ལམ་ དངུལ་ཀྲམ་༣༠,༠༠༠ལས་ དངུལ་ཀྲམ་༡༥༠,༠༠༠ལུ་ ཡར་སེང་འབད་ནི་ དེ་ལས་ འགྲུལ་འཕྲིན་བའུ་ཅཱར་གྱི་ སྤྱོད་འཐུས་བརྒྱ་ཆ་༥༠མར་ཕབ་འབད་ནིའི་ ཁས་བླངས་འབད་ཡི།
ཁས་བླངས་ཚུ་གི་ནང་ལས་ དམིགས་བསལ་དུ་ ཁོ་གིས་ མར་ཏང་གཡུས་ཚན་ནང་ སྡོད་མི་ཚུ་གི་ཁྱིམ་ཚུ་ ཉེན་བཅོལ་ནང་ མ་ཚུད་པར་ཡོདཔ་ལས་ ཁྱིམ་རྐྱབ་ནིའི་དོན་ལུ་ སྐྱིན་འགྲུལ་འཐོབ་ཚུགསཔ་བཟོ་ནི་ལུ་ རྒྱབ་སྐྱོར་འབད་འོང་ཟེར་ བཤད་ཅི།
དེ་མ་ཚད་ སྲིད་ཚོགས་ཀྱིས་ སོ་ནམ་འཕྲུལ་ཆས་ཚུ་ གླ་ཆ་མར་ཕབ་ཐོག་ གླ་ཁར་ལེན་ནིའི་ ལམ་ལུགས་དེ་ བསྐྱར་འཛུགས་འབད་ནི་དང་ སོ་ནམ་ཞིང་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ བསྲུང་ཐབས་ལུ་ ལྕགས་ཀྱི་དྲྭ་མིག་ར་བ་བསྒོར་ནིའི་ རྒྱབ་སྐྱོར་འབད་ནི་ ན་གཞོན་ཚུ་གི་དོན་ལས་ སྤྱི་རུབ་སོ་ནམ་ལས་འགུལ་གཞི་བཙུགས་ཀྱི་ ལྷན་ཐབས་འབད་ནི་ དེ་ལས་ ཞིང་རྨོ་འཕྲུལ་པ་ཝར་ཊེ་ལར་དང་ ཇར་སི་བ་ཚུ་ ཉོ་ནིའི་དོན་ལུ་ སྐྱེད་མེད་པའི་ སྐྱིན་འགྲུལ་འཐོབ་ཚུགསཔ་བཟོ་ནི་ཟེར་ སྐལ་བཟང་ཕུན་ཚོགས་ཀྱིས་ ཐས་བླངས་འབད་ཡི།
འདེམས་ངོ་གིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་དེ་ གཞུང་སྐྱོང་གི་ གོ་སྐབས་བྱིན་པ་ཅིན་ བསམ་གྲུབ་ལྗོངས་མཁར་དེ་ ལྟ་བཤལ་པའི་ ས་གོ་ཅིག་སྦེ་ གོང་འཕེལ་གཏང་ནི་དང་ ལུང་ཕྱོགས་ཀྱི་ ལྟ་བཤལཔ་ཚུ་ བདེ་བ་ཐང་ཚུན་ ལྟ་སྐོར་འབད་བར་ འོང་བཅུག་ནི་གི་ གོ་སྐབས་བཟོ་འོང་ཟེར་ཨིན་པས།
བདེ་བ་ཐང་-སྒོམ་དར་འདེམས་ཁོངས་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་༡༦,༦༠༧ ཡོདཔ་བཞིན་དུ་ སྤྱིར་སྙོམས་འཛོམས་འདུ་མཇུག་དེ་ དོམ་ཕུག་ཞལ་འཛོམས་ཁང་ནང་ འགོ་འདྲེན་འཐབ་པའི་སྐབས་ མི་༨༡ གིས་ བཅའ་མར་གཏོགས་ཡོདཔ་ད་ འདེམས་ཁོངས་དེ་ནང་ སྤྱི་ཟླ་༡༢ པའི་ཚེས་༢༠ལས་ ༢༧ ཚུན་ སྤྱིར་སྙོམས་འཛོམས་འདུ་༡༥ འགོ་འདྲེན་འཐབ་ཅི་ཟེར་ ངོས་ལེན་འགོ་དཔོན་ཚེ་རིང་དབང་ཕྱུག་གིས་ བཤདཔ་ཨིན་པས།
དེ་ལས་ ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ཁོངས་ཀྱི་ སྤྱིར་སྙོམས་འཛོམས་འདུ་མཇུག་ར་ ཁ་ཙ་ མར་ཚ་ལ་རྒེད་འོག་གི་ས་གནས་ ཝང་ཕུག་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ མི་མང་རྩོད་འགྲན་དེ་ སྤྱི་ཟླ་༡༢ པའི་ཚེས་༣༠དང་༣༡ ལུ་ འགོ་འདྲེན་འཐབ་ནིའི་ ལས་འཆར་ཡོད་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།

Address

Kuensel Corporation Ltd
Thimphu
00975

Alerts

Be the first to know and let us send you an email when Kuensel Dzongkha/རྒྱལ་ཡོངས་ཉིན་བསྟར་གསར་ཤོག།- ཀུན་གསལ། posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Business

Send a message to Kuensel Dzongkha/རྒྱལ་ཡོངས་ཉིན་བསྟར་གསར་ཤོག།- ཀུན་གསལ།:

Videos

Share

Nearby media companies